སུམ་འཕྲང་ཕུར་པ་གཉོས་ལྷ་ནང་པ་ལས་རྒྱུད་པའི་ཞལ་རྒྱུན་གསལ་གྲུབ་ཀུན་གསལ་དགའ་སྟོན།

རྗེ་ལྷ་ནང་པ་ལ་ན་མོ།

༉ གནས་མཆོག་རྡོ་རྗེ་ལྡན་མཚུངས་སུ་གསུངས་པའི་ ལྷོ་གཉོས་གདུང་གི་གདན་ས་ཆེན་པོ་ བདེ་ཆེན་སུམ་འཕྲང་བསམ་འགྲུབ་ཆོས་རྫོང་གི་གདན་རབས་ལོ་རྒྱུས་ལས་ སྤྱིར་སུམ་འཕྲང་གི་གདན་འཛིན་གདུང་གི་མངའ་བདག་དང་པོ་ གཉོས་སྟོན་འཁྲུལ་ཞིག་ཆོས་རྗེ་ཡིན་པར་ཐེ་འཚོམ་མེད་པ་མ་ཚད་ ཁོང་ནི་གཉོས་ཆེན་རྒྱལ་བ་ལྷ་ནང་པའི་སྲས་གཅིག་པོར་འགྱུར་པ་ཡིན་པ་ནི་ ཁུངས་གཏུག་ཡིག་རིགས་ལོ་རྒྱུས་ལས་ཕྲ་ཤིང་ཕྲ་བར་གསལ་བས་ཐེ་འཚོམ་ཀྱི་དྲྭ་བ་མེད་དོ།


དེ་ལས་ གདན་སའི་ཆོས་རྒྱུདཕྱག་སྲོལ་གཙོ་བོ་ནི་རྡོེ་ཕུར་པ་དར་རྒྱས་ཆེར་བྱུང་ཡོད་པ་དེ་ཡང་དོགས་པའི་གནས་མེད་པ་མ་ཚད་ འབྲུག་ལྷོ་ལུང་པར་ཐོག་མར་ རྡོ་རྗེ་ཕུར་པ་རྟེན་དང་བསྟན་པར་བཅས་པའི་ཕྱག་སྲོལ་ཟབ་མོའི་ཐོག་མ་ཀྱང་གདན་ས་འདིར་དབུ་བརྙེས་པའི་ གནས་མཆོག་ཁྱད་པར་ཅན་ཞིག་ཀྱང་ཡིན་པ་ངེས་སོ། དེས་ན་ གཉོས་སྟོན་ཁྲུལ་ཞིག་ཆོས་རྗེ་ལ་རྡོ་རྗེ་གཞོན་ནུའི་ཆོས་འཁོར་གནང་བ་པོའི་ཐད་ ཡིག་ཆ་རྣམས་སུ་ སྔགས་འཆང་རྣལ་འབྱོར་རྩེ་མོ་ཞེས་གསལ་ཡང་ དེ་ཉིད་ རྒྱུད་འཛིན་གོང་མའི་ཞལ་རྒྱུན་ལ་ ཡབ་རྗེ་ལྷ་ནང་པ་ཡིན་ཚུལ་གསུངས་བ་ཆེ་ཡང་ དེ་ངོ་འཕྲོད་པའི་གྲུབ་བྱེད་ཡིག་རིགས་མེད་པའི་ཁར་ རྗེ་ལྷ་ནང་པའི་རྣམས་ཐར་དཔེ་གཟུགས་རྣམས་སུ་ནི་ ཕུར་པའི་ཆོས་འཁོར་གྱི་ལོ་རྒྱུས་མེད་པས་ དེངས་ཀྱི་སློབ་གཉེར་མཁས་པའི་ཚོགས་སུ་ ཡིད་ཆེའི་རྒྱུས་དབེན་པས་དཔྱད་བྱར་འགྱུར་ཀྱང་ གདན་སར་རང་བཅག་རྣམས་ནི་ཞལ་རྒྱུན་བཟུང་ཞིང་ཡིད་ཆེ་གཏན་པོར་བྱེད་མོད་ གཞན་ཡིད་ཆེ་བའི་རྒྱུ་ཞིག་ངེས་པར་དགོས་གལ་ཆེ་བས་ དེ་འབྲེལ་རྣ་མིག་འགྲིམ་བཞིན་དུ་སྡད་པས་ ཐེ་འཚོམ་དེ་གྲོལ་བའི་ཡིག་རྙིང་ཞིག་ གདན་ས་རང་ནས་ ད་ལོ་སྤྱི་ལོ་༢༠༢༠ འབྲུག་ཟླ་༦ པའི་ཚེས་༧ ཉིན་གདན་སར་ དྲུག་པ་ཚེ་བཞིའི་ ཞི་ཁྲོའི་ཚོགས་འཁོར་ཚོགས་པའི་ཉིན་༤ པར་གདན་ས་རང་གི་གསུང་རྟེན་དཔེ་རྙིང་རྣམས་ལ་གུས་པས་ཡིད་གཏད་བྱས་པས་ གསུང་རྟེན་བྱིན་ཅན་ཞིག་གི་ནང་དུ་ ཞལ་རྒྱུན་ཡིད་ཆེར་རུང་བའི་རྒྱུ་ཞིག་ཞུགས་པ་མཇལ།

དེ་ཡང་ རྡོ་རྗེ་གཞོན་ནུ་གསང་བའི་རྒྱུད་ཆེན་པོ་ ཞེས་པ་ཤོག་གྲངས་༢༥ ཅན་མ་ ཡིག་གཟུགས་བོད་ཡིག་དབུ་མེད་ ཤོག་བུ་འབྲུག་ཤོག་ཁར་ཡོད་པའི་ གསུང་རྟེན་དེའི་ ཤོག་གྲང་དང་པོའི་འདུན་ཤོག་གི་ཡིག་འབྲུ་གང་ཡང་མི་གསལ་བར་སོང་བའི་ རྒྱབ་ཤོག་ལས་འབྱུང་བ་འདི་ལྟར།

“་་་་་་ལ་ལབ་བྱང་ཆུབ་རྡོེ་རིན་པོ་ཆེ་གྱི་྾྾྾྾[1]་སྣ་དྲངས་ནས་བསྐོར་སྣ་བདུན་ཕུལ་ནས་ཞུས་པས་བཤད་དེ། ཆོས་ཀྱི་མིང་ཀྱང་རྡོ་རྗེ་གཞོན་ནུ་གསང་྾ཅན་བྱ་བར་བརྟགས་སོ། དེའ་ཡན་ཆད་བཀའ་རེ་རེ་ལས་མ་འཕེལ་ལོ། ལ་ལབ་བྱང་ཆུབ་རྡོ་རྗེ་ལ་ཐུགས་ཀྱི་སྲས་ལྔ་འབྱུང་ཏེ། དེ་ཡང་བཀའ་྾྾྾྾སྣ་ནམ་ཤེས་པའི་ཚུལ་ཁྲིམས། བཀའ་བརྟུས་༼ཡང་ན་བསྡུས༽པ་མྱང་ནད་དབང་གི་ཤེས་རབ། ྾྾྾་ཀྱི་བྱང་ཆུབ་རིན་པོ་ཆེ། སྤྲངས་པུ་རུ་མགོའ་དང་ལྔའོ། སྣ་ནམ་གྱིས་ཤངས་གྱི་སྟོང་ཚབ་འཕགས་པ་རྒྱལ་མཚན་ལ་བཤད། དེས་རྒྱ་སྟོན་སངས་རྒྱས་ལ་བཤད། དེས་རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ་བཤད། དེ་ལ་མང་ཡང་། སྔ་ཞིང་མན་ངག་ཐོབ་པ་ནི། གསོའ་བན་རིང་མོ་དང་། རྩི་བན་སྒམ་ཆེན་དང་། སྒོན་སྟོན་༣ གྱིས་ཡོན་ཚུལ་དུ་འཕུལ། དབང་རིམ་པར་ནོས་ནས། དམོག་སྤྱི་བྲག་ཕུག་ཏུ་སྒྲུབས་པས་ཕུར་པ་ནམ་མཁའ་ལ་འཕུར་ནས་གྲུབ་པའི་རྟགས་ཐོན་ཏེ་མན་ངག་ཐོབ་བོ། སྒོན་སྟོན་ལ་སློབ་མ་མང་ཡང་། མན་ངག་ལུགས་སུ་ཞུས་པ། ཡོན་དང་དབང་རིམས་ཚུལ་མར་བྱས་པ་ལྷ་རྗེ་གྲོ་སྟོན་དར་བཙུགས་ལགས་ཏེ། དེས་སྲས་གྲོ་སྟོན་ཚོ་ཡེ་ལ་བཤད། དེས་སྲས་གྲོ་སྟོན་ཐུགས་རྗེ་ལ་བཤད། དེས་གྲོ་སྟོན་ལྷ་ཕུར་ལ་བཤད། དེས་མཉོས་ཇོ་སྲས་རྣལ་འབྱོར་པ་ལ་བཤད། དེས་ཞེའི་བན་དྷེ་ལ་ཐུགས་ལ་བརྟགས ་ཕྱིས་ཡང་དབེན་དུ་སྤྲོས་པ་བཅད་དོ།” 

ཞེས་འབྱུང་བས་ མཉོས་ཇོ་སྲས་རྣལ་འབྱོར་པ་ ཞེས་པ་དེ་ཉིད་སྔགས་འཆང་རྣལ་འབྱོར་རྩེ་མོ་ཡིན་པ་ངོས་འཛིན་ཐུབ་པ་མ་ཚད་ མཉོས་ཇོ་སྲས་ཞེས་གསལ་བས་ གཉོས་ལྷ་ནང་པར་གོང་མ་རྒྱུད་པའི་ཞལ་རྒྱུན་གྱི་གྲུབ་བྱེད་དུ་ཤིན་ཏུ་འོས་སོ། དེས་ཞེའི་བནྡེ་ལ་ཐུགས་ལ་བརྟགས་ ཕྱིས་ཡང་དབེན་དུ་སྤྲོས་པ་བཅད་དོ་ ཞེས་པ་ནི་ མཉོས་ཇོ་སྲས་རྣལ་འབྱོར་པས་ ཞེའི་བནྡེ་ནི་ གཉོས་སྟོན་འཁྲུལ་ཞིག་ཁོང་ལ་གནང་བའི་རྗེས་སུ་ བསམ་ཡས་མཆིམས་ཕུ་གི་ཡང་དབེན་དུ་གྲུབ་པའི་སྤྲོས་པ་བཅད་དེ་ གྲུབ་པ་བརྙེས་སོ་ཞེས་པའི་དོན་དུ་གོ་བོ།

དེ་ཡང་ དེངས་ཕན་གྱི་སུམ་འཕྲང་གི་ཕུར་པ་རྒྱུད་པའི་ལོ་རྒྱུ་རྣམས་ཀྱི་གཞི་མར་འགྱུར་བ་ བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དབང་ཤད་སྐལ་ལྡན་སྨིན་བྱེད ཞེས་བྱ་བའི་སུམ་འཕྲང་གི་གསུང་རྟེན་དེ་ལས།

“འདི་ཉིད་ཀྱི་རྒྱུད་པ་དང་པོ་ནི། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ། དཔལ་ཆེན་རྡོ་རྗེ་གཞོན་ནུ། དེས་དཔལ་ཕྱག་ན་རྡོེ་ལ་གསུངས། གསང་བའི་བདག་པོར་མཚན་གསོལ། དེས་རྒྱལ་པོ་ཛར་ལུང་བསྟན། རྒྱལ་པོའི་མགོ་བས། རྡོ་རྗེ་སེམས་དཔས་སྒྲིབ་པ་སྦྱངས། གསང་བའི་བདག་པོས་ཞལ་བསྟན་ཞིང་གསང་སྔགས་ཡོངས་རྗོངས་པར་བཤད། དེས་སྲས་མཐུ་བོ་རཱ་ཙ་ལ་གནང་། དེས་ལྷ་ལྩམ་པ་ར་ཉི་མ་ལ། དེས་རིག་འཛིན་དགའ་རབ་རྡོེ་ལ། དེས་དཔལ་ཆེན་རོ་ལངས་དེ་བ་ལ། དེས་མཁས་པ་བྷོ་རྷི་ས་ཏྭ་ལ། དེས་རིགས་འཛིན་པདྨ་འབྱུང་གནས་ལ། དེས་འཕྲིན་ལས་ཀྱི་བཀའ་བབས་མཁའ་འགྲོ་ཡེེས་མཚོ་རྒྱལ་ལ། དེས་དཔལ་གྱི་དབང་ཕྱུག། དེས་རྒྱལ་བའི་སྙིང་པོ། དེས་ཡོན་ཏན་བཟང་པོ། དེས་ཀླུ་ཡི་རྒྱལ་མཚན། དེས་དམ་རིང་ས་ལེ། དེས་བྱུང་ཆུབ་རྡོ་རྗ། དེས་ཤེས་རབ་ཚུལ་ཁྲིམས། དེས་འཕགས་པ་རྒྱ་མཚོ། དེས་རྒྱལ་སྟོན་སངས་རྒྱས། དེས་ཤེས་རབ་རྒྱལ་མཚན། དེས་བཛྲ་ཧེ་རུ་ཀ། དེས་སྒྲོ་སྟོན་དར་ཚུལ། དེས་སྒྲོ་སྟོན་ཇོ་བོ། དེས་སྒྲོ་སྟོན་ཐུགས་རྗེ། དེས་སྒྲོ་སྟོན་ལྷ་ཕུར། དེས་སྔགས་འཆང་རྣལ་འབྱོར་རྩེ་མོ། དེས་གཉོས་སྟོན་འཁྲུལ་ཞིག་རིན་པོ་ཆེ་ལ། དེས་གོང་དུ་ཆེ་བའི་ཡོན་ཏན་དང་བཅས་རྒྱས་པར་བཤད་པའི་ཐུགས་ཀྱི་སྲས་བཀྲ་ཤིས་སེངྒེ་ལ་གནང་།”

ཞེས་སོགས་འབྱུང་བས། གསུང་རྟེན་དེ་གཉིས་བསྡུར་བས། དཔེ་རྙིང་སྔ་མའི་་གསུང་རྟེན་དེ་ཆེས་སྔ་བར་འདུག་པ་མ་ཚད་ དབང་ཤད་འདིར་རྒྱུད་རབས་བཤད་ཚུལ་ལ་དཔག་ན། རྒྱུད་རབས་ཀྱི་མཇུག་ནས། “དེས་རྒྱལ་སྲས་དངོས་གྲུབ་རྒྱལ་མཚན་ལ། དེས་བདག་བཅག་གི་དཔལ་བླ་མ་བཅོམ་ལྡན་རྡོེ་གཞོན་ནུ་དང་དབྱེར་མ་མཆིས་པ་མཐུ་སྟོབས་ཀྱི་མངའ་བདག་ཆེན་པོ་དེ་ལས་བདག་གིས་ཞུས་ཞིང།” ཞེས་པས་ དབང་བཤད་དེ་ སུམ་འཕྲང་ཆོས་རྗེ་༡༦ པ་པདྨ་ཆོས་རབ་ཀྱི་སྲས་ རྒྱལ་དབང་དྲུག་པའི་དུས་མཚུངས་ སུམ་འཕྲང་ཆོས་རྗེ་༡༧ པ་ཨྱོན་དགེ་ལེགས་བསྟན་འཛིན་གྱི་གསུང་ཡིན་པར་གསལ་ལ་ གོང་གི་དཔེ་རྙིང་སྔ་མ་དེ་ནི་ གུ་རུ་གཉོས་སྟོན་ཁྲུལ་ཞིག་ཆོས་རྗེ་རང་གི་གསུང་དུ་གསལ་ལོ།

གང་ལྟར་ཀྱང་ གསུང་རྟེན་དེ་གཉིས་ལས་བྱུང་བའི་བརྒྱུད་པའི་རིམ་པར་ མཚན་གྱི་རྣམ་གྲངས་ཙམ་ལས་ ཁྱད་པར་མེད་པར་དག་ཤིང་ལེགས་པར་གསལ་བས་ གོང་གི་ཡིག་རྙིང་སྔ་མའི་ནང་དུ་མཉོས་ཇོ་སྲས་ཞེས་གསལ་པོར་ཡོད་པས་ སུམ་འཕྲང་གདན་སའི་ཕུར་པའི་བརྒྱུད་རིམ་ལོ་རྒྱུས་ལས་ འབྲུག་གི་སྨྱོས་རབས་ནང་དུ་སྔགས་འཆང་རྣལ་འབྱོར་རྩེ་མོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ གུ་རུ་གཉོས་སྟོན་རང་གི་ཡབ་ གཉོས་ཆེན་རྗེ་ལྷ་ནང་པ་ཡིན་པ་ བརྒྱུད་འཛིན་གོང་མའི་ཞལ་རྒྱུན་འདྲི་མེད་གསལ་པོར་གྲུབ་པའི་སྐལ་བ་བཟང་པོ་འདི་ཉིད་ གཉོས་མུ་ཅོར་སྨྲ་བ་པོ་བསམ་གཏན་ཡེ་ཤེས་པས་ སྤྱི་ལོ་༢༠༢༠ སྤྱི་ཟླ་༩ པའི་ཚེས་༡༥ འབྲུག་ཟླ་༧ པའི་ཚེས་༢༨ འཕྲོད་སྦྱོར་བཟང་པོའི་ཉིན་འདིར་ ཟིན་བྲིས་སུ་སྦྱར་བ་འོ། མངྒཾ།། །།


[1] ྾྾྾ ནི་ ཡི་འབྲུ་མི་གསལ་བ་རྣམས་ཀྱི་ཚབ་ཏུ་བཙུགས་པའི་འབྲུ་རྟགས་ཡིན་ནོ།